དཀོན་མཆོག་གསུམ་ངོ་སྤྲོད་མདོར་བསྡུས།

藏区佛学园 10月前 1562



དགེ་སློ་དག་དང་མཁས་རྣམས་ཀྱིས།།

བསྲེག་བཅད་བརྡར་བའི་གསེར་བཞིན་དུ།།

ལེགས་པར་བརྟག་ལ་ང་ཡི་བཀའ།།

བླང་བར་བྱ་ཡི་གུས་ཕྱིར་མིན།།

ང་ཚོས་སངས་རྒྱས་ཀྱི་ཆོས་བྱེད་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད། ནམ་རྒྱུན་ང་ཚོ་ཚང་མས་སངས་རྒྱས་ཆོས་ཚོགས་མ་འདོན་བཞིན་ཡོད་ལ། ནང་པ་སངས་རྒྱས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་གཙོ་བོ་དེ་དག་སངས་རྒྱས་ཆོས་ཚོགས་མའི་ནང་དུ་ཐོན་གྱི་ཡོད།

སངས་རྒྱས་དཀོན་མཆོག

སངས་རྒྱས་ཞེས་པའི་དོན་གང་ཞིག་རེད་དམ་ཞེ་ན། སངས་ཞེས་པ་ནི། སྐྱོན་སངས་པ་དང༌། མུན་པ་སངས་པ། དྲི་མ་སངས་པ་སྟེ་མ་རིག་པས་ཀུན་ནས་བསླངས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་གཉིད་སངས་པ་ལྟར། མི་དགོས་པ་སྡུག་པ་ཞིག་མེད་དུ་སོང་བའམ་དག་ཅིང་སངས་པ་དེར་སངས་ ཞེས་བརྗོད་པ་དང་།

རྒྱས་ཞེས་པ་ནི།  ལུས་རྒྱས་པ་དང༌། ལོངས་སྤྱོད་རྒྱས་པ། རྣམ་དཔྱོད་རྒྱས་པ། ཡོན་ཏན་རྒྱས་པ་ཞེས་པ་ལྟར། ཤེས་བྱའི་ཆོས་ཐམས་ཅད་མ་འདྲེས་པར་སོ་སོར་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བ་མེ་ཏོག་པད་མའི་འདབ་མ་རྒྱས་པ་ལྟར། 

སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཐུག་པའི་ཁྱད་ཆོས་དེ་བཤད་ཀྱི་ཡོད་ཅིང༌། དེ་ལྟའི་ཁྱད་པར་དང་ལྡན་པའི་སྐྱེས་བུའམ་གང་ཟག་དེར་སངས་རྒྱས་འཕགས་པ་ཞེས་དང༌། སངས་རྒྱས་ཀྱི་ཡོན་ཏན་ལྡན་པའི་སྐྱེས་བུའམ་གང་ཟག་དེར་སངས་རྒྱས་འཕགས་པ་ཞེས་བྱ། དོན་དུ་སངས་རྒྱས་ཞེས་པ་ནི་སྐྱོན་ཐམས་ཅད་དང་བྲལ་ཞིང་། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའི་ཡུལ་ཁྱད་པར་ཅན་ཞིག་ལ་ཟེར་བ་ཡིན། འོ་ན་དེ་སུ་ཡིན་ནམ་ཞེ་ན། རྒྱ་གར་རྒྱལ་པོ་ཟས་གཙང་མའི་སྲས་ཤཱཀྱ་ཐུབ་པ་ལྟ་བུ་ཡིན། རྣམ་འདྲེན་བཞི་བ་བདག་ཅིག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཁོང་ནི། ཐོག་མར་བསྐལ་བ་དཔག་ཏུ་མེད་པའི་སྔོན་རོལ་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གྲངས་མེད་པ་བསགས། མཐར་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་ཝ་ར་ཎ་སི་ལ་སོགས་པའི་གནས་ཆེན་ཁག་ཏུ་དམ་པའི་ཆོས་གསུངས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཁོང་ནི་ང་ཚོར་བླང་དོར་གྱི་ལམ་མ་ནོར་བར་སྟོན་པ་པོ་ཡིན་ལ། དཀོན་མཆོག་གསུམ་གྱི་གཙོ་བོ་སངས་རྒྱས་དཀོན་མཆོག་ཟེར་བ་དེའང་ཡིན་ནོ།།

ཆོས་དཀོན་མཆོག་ནི། 

ཆོས་ཞེས་པ་ནི། འཆོས་པའམ་བཅོས་པའི་དོན་སྟེ། དེ་ནི་རང་རྒྱུད་ལ་ཡོད་པའི་རྒྱུ་འདོད་ཆགས་དང་། ཞེ་སྡང་། གཏི་མུག་ལ་སོགས་པ་ཉོན་མོངས་པ་རྣམས་དམ་པའི་ཆོས་ཀྱིས་བཅོས་ནས་མེད་པར་བྱེད་པས་ན་ཆོས་ཞེས་རྗོད་བ་ཡིན། དེ་ལྟ་བུ་ཆོས་དཀོན་མཆོག་ཅེས་བྲལ་བའི་ཡོན་ཏན་དང༌། རྟོགས་པའི་ཡོན་ཏན་དེ་དག་གོང་དུ་བརྗོད་པ་ལྟར་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པ་འདིས་བྲལ་བའི་ཡོན་ཏན་དེ་བཤད་ཀྱི་ཡོད། བྲལ་བའི་ཡོན་ཏན་དེ་ཡོང་བའི་རྒྱུ་མཚན་ནམ་གཞི་རྩ་དེའི་ཐོག་ནས་བསམ་བློ་གཏོང་དགོས། མྱང་ངན་ལས་འདས་པ་ཞི་བ་ཞེས་པ་འདི་མཐར་ཐུག་གི་བྲལ་བའི་ཡོན་ཏན། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པ་འདི་རང་བཞིན་གྱི་དྲི་མ་དེ་དག་གློ་བུར་ བ་ཡིན་པ་ཤེས་ཐུབ་པ་ཞིག་དང༌། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་གནས་ལུགས་ཇི་བཞིན་མཁྱེན་པའི་བློ་དེ་ རྟོགས་པའི་ཡོན་ཏན་མཐར་སྤང་བྱའི་གཉེན་པོར་དངོས་སུ་སྐྱེས་སྐབས་ཆོས་དཀོན་མཆོག་ ཆགས་ཀྱི་ཡོད་པ་དེ་དག་གི་ཐོག་ནས་ཤེས་དགོས།

ལེགས་སྦྱར་སྐད་དུ་ཆོས་ལ་དྷརྨ་ཞེས་པ་འཛིན་པའི་དོན་ཡིན་པར་གསུངས་ལ། དེས་འགྲོ་བ་རྣམས་སྤྱིར་འཁོར་བའི་སྡུག་བསྔལ་དང་། བྱེ་བྲག་ངན་སོང་གི་སྡུག་བསྔལ་ལས་འཛིན་པའི་ཕྱིར་ན་དེ་ལྟར་བཞེད་པ་ཡིན་ནོ། །དེ་ཡང་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར། ལུང་གི་ཆོས་དང་རྟོགས་པའི་ཆོས་གཉིས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གནས་མཆོག་ཝ་ར་ཎ་སི་དང་། བྱ་རྒོད་ཕུང་བོའི་རི་བོ་སོགས་སུ་འདུལ་བ་དང་། མདོ་སྡེ། མངོན་པའི་སྐོར་བཅས་དམ་པའི་ཆོས་ཇི་སྙེད་ཅིག་གསུངས་པ་རྣམས་ལ་ལུང་གི་ཆོས་སྡེ་སྣོད་གསུམ་ཟེར་ཞིང་། ལུང་གི་ཆོས་དེ་ཉིད་ཉམས་སུ་བླངས་པ་ལ་བརྟེན་ནས་རྟོགས་པ་ཁྱད་པར་ཅན་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་རྣམས་རང་རྒྱུད་ལ་སྐྱེས་པ་ལ་རྟོགས་པའི་ཆོས་ཟེར། དེ་ལྟ་བུའི་ལུང་དང་རྟོགས་པའི་ཆོས་ནི་རྒྱལ་བའི་བསྟན་པ་ཡིན་ལ་དཀོན་མཆོག་གསུམ་ལས་ཆོས་དཀོན་མཆོག་ཟེར་བ་དེའང་ཡིན། རྒྱལ་བའི་བསྟན་པའམ་ལུང་རྟོགས་ཀྱི་ཆོས་དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་དུས་ཡུན་རིང་པོ་ཕྱིན་པ་ན་རིམ་གྱིས་ཉི་ཧོང་དང་ཀོ་རི་ཡ། འབར་མ། རྒྱ་ནག་སོགས་སུ་དར་བ་དང་། རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་བཟོ་མཛད་པའི་བཀའ་དྲིན་ལ་བརྟེན་ནས་རིམ་གྱིས་བོད་གངས་ཅན་ལྗོངས་སུའང་དར་ཞིང་རྒྱས་པ་ཡིན་ནོ།། 

དགེ་འདུན་དཀོན་མཆོག

རྣམ་དཀར་དགེ་བའི་ལས་ལ་འཇུག་འདོད་ཀྱི་འདུན་པ་དྲག་པོ་ལྡན་པས་ན་དགེ་འདུན་ཞེས་བྱ་སྟེ། དེ་ཡང་འཁོར་བའི་བདེ་བ་ལ་སྐད་ཅིག་ཙམ་ཡང་མི་ཆགས་པར་ཐར་བ་དོན་དུ་གཉེར་འདོད་ཀྱི་ངེས་འབྱུང་དྲག་པོས་ཀུན་ནས་བསླངས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། སངས་རྒྱས་ཀྱིས་གསུངས་པའི་དམ་པའི་ཆོས་རྣམས་ཚུལ་བཞིན་ཉམས་སུ་ལེན་མཁན་ལ་དགེ་འདུན་གྱི་སྡེ་ཟེར།  དེ་ཡང་སྤང་བྱ་སྤོང་ནུས་མཁན་གྱི་ད་ལྟ་ང་རང་ཚོའི་རྒྱུད་ལ་སྟོང་ཉིད་རྟོགས་པའི་ལྟ་བ་ དང༌། བྱང་ཆུབ་ཀྱི་སེམས་སྐྱེས་ན་ལམ་སེང་སྤང་བྱ་སྤོང་ཐུབ་རྒྱུ་མེད། དེ་རིམ་པས་ནུས་པ་ཆེ་རུ་དང༌། གོམས་འདྲིས་རིམ་གྱིས་ཆེ་རུ་ཕྱིན་པས། སྤང་བྱ་གང་ཡང་རུང་བ་ཞིག་དངོས་སུ་སྤོང་ཐུབ་པའི་ནུས་པ་ཆ་ཚང་ཐོབ་པའི་སྐབས། སྤང་བྱ་སྤོང་བའི་དངོས་ཀྱི་གཉེན་པོར་སྒྲུབ་ཡོང་གི་ཡོད། སྤང་བྱ་གང་ཡང་རུང་བ་ཞིག་སྤོང་བའི་དངོས་ཀྱི་གཉེན་པོ་བྱེད་ཐུབ་པའི་རྟོགས་པའི་ ཡེ་ཤེས་དང་པོ་སྐྱེས་སྐབས་དེར་འཕགས་པའི་དགེ་འདུན་ཞེས་བརྗོད་དོ།། 

དེ་ལྟ་བུའི་སྤང་བྱ་གང་རུང་སྤོང་ནུས་པའི་གཉེན་པོ་ཡེ་ཤེས་རྒྱུད་ལ་སྐྱེས་ སྐབས་སོ་སྐྱེ་བྱིས་པའི་ས་ལས་འཕགས་ཤིང༌། བྱིས་པ་ལས་གོང་མར་གྱུར་ཞིང༌། དེ་ལས་ཡོངས་སུ་འདས་པའམ་དེ་ལས་ལྷག་པ་རེད། དེར་བརྟེན་འཕགས་པ་ཞེས་པ་འདི་ཁྱད་དུ་འཕགས་པ་ཞེས་པ་དེ་རེད། ཁྱད་དུ་འཕགས་པའམ་གོང་མར་གྱུར་པ། གཞན་ལས་ལྷག་པས་ན་སངས་རྒྱས་ཞེས་པ་འདི། སྤངས་རྟོགས་ཀྱི་ཡོན་ཏན་ཐོག་མ་འགོ་ཚུགས་པའི་སྐབས་དེར་འཕགས་པའི་དགེ་འདུན་ཞེས་ པ་དེ་ཆགས་པ་ཡིན། 

དེ་ལའང་སོ་སོ་སྐྱེ་བོའི་དགེ་དང་འཕགས་པའི་དགེ་འདུན་གཉིས་ཡོད། ཡུན་རིང་བོར་དམ་པའི་ཆོས་བསྒྲུབ་པ་ལ་བརྟེན་ནས་རང་རྒྱུད་ཀྱི་རྟོགས་པ་ཚད་མཐོ་བོར་སླེབས་པའི་དགེ་འདུན་གྱི་རིགས་སྟེ། རིག་པ་ཡེ་ཤེས་རྒྱུད་ལ་སྐྱེས་ཤིང་། གྲོལ་བ་ཉོན་སྒྲིབ་སྤངས་པའི་ཡོན་ཏན་གཉིས་དང་ལྡན་པ་ལ་འཕགས་པའི་དགེ་འདུན་ཞེས་དང་། དེ་ལས་གཞན་པ་ལ་སོ་སོ་སྐྱེ་བོའི་དགེ་འདུན་ཟེར་ཞིང་དེ་དག་ནི་དགེ་འདུན་དཀོན་མཆོག་གོ།

ནང་དོན་ཡག་པོ་འདུག་ན་འོག་གི་རྒྱ་ཡིག་好看ཞེས་བ་དེར་ནོན། དཔྱད་མཆན་ཕྲིས།

相关推荐
最新回复 (0)
返回
发新帖